མཱ་པུའུ་ཧྥང་དང་ཅང་ཅེ་ཧྲི་གཉིས་ཀྱི་གཏམ་གླེང་ཚིག་བཅད་མ།
ཞོ་ར་པདྨ་འོད་འབར་ནས།
མཱ་པུའུ་ཧྥང་གིས་ཅང་ལ་སྨྲས་པ།
བོད་ཀྱི་མི་རྣམས་ཆོས་ལ་དད་པ་ཆེ།།
དཔའ་འཛིངས་ཆེ་ཞིང་རིག་གནས་ཕུན་སུམ་ཚོགས།།
མི་ལོ་སྟོང་ཕྲག་མང་པའི་ལོ་རྒྱུས་ལྡན།།
བོད་འདི་འདུལ་བའི་སྤོབས་པ་ང་ལ་མེད།།
ཅང་གིས་མཱ་ཡི་ལན་དུ།
ཀ་ཡེ་གསོན་དང་བདག་གི་དམག་སྤྱི་ལགས།།
ཁྲི་ཤོར་རྒྱལ་མོའི་འདབས་ནས་སྒར་ཞིག་ཐོབ།།
བླ་མཚོ་འདི་ནི་བོད་ཀྱི་ཀླད་ཞོ་འདྲ།།
གནས་འདིའི་འབངས་རྣམས་གྱང་ཁའི་རྩ་དང་མཚུངས།།
བོད་འདི་དད་པ་ཆེ་རུང་ནང་ལ་སྡང།།
རང་སྲོག་གཅོད་གི་ལས་ལ་ཕྲག་དོག་ཡོད།།
རང་མགོ་གཡོག་གི་མི་ལ་ཆོས་རྫུན་ཡོད།།
རང་སྲུང་མཐུན་སྒྲིལ་གཏོར་ལ་གྲུབ་མཐའ་ཡོད།།
བླ་མ་དཔོན་པོ་བོད་ཀྱི་སྙིང་རྩ་ཡིན།།
དེ་རྣམས་རྒྱུ་ལ་དགའ་ཞིང་དབང་ལ་དུངས།།
ཅོལ་ཆུང་རྒྱབ་རྩ་བཅོལ་ལ་ལྷག་པར་དགའ།།
ཁོ་ཚོ་འགུག་ལ་ཐོབ་དང་མཚན་སྙན་གནོང།།
རང་སྐྱེས་དཔའ་བོ་གཅིག་རེ་བྱུང་ནའང།།
ངན་གྱི་དོན་ཏུ་ཁྱི་སྤྱང་མཉམ་འབྲེལ་མང།།
རང་གི་མི་ཞིག་མགོ་བོ་འབུས་བའི་ཚེ།།
མཚོན་ཆ་ནང་ལ་སྐོར་བར་གོམས་ནས་ཡོད།།
བླ་མའི་བདག་དབང་ནམ་ཡང་ཆོར་མི་ཉན།།
ཁོ་ཚོ་རྟ་ཞིག་ཡིན་ན་ཧྲབ་ཞིག་དགོས།།
ཧྲབ་འདི་ཁ་ལ་འཇོག་ན་རྟ་ཆས་དགོས།།
ཁ་ལ་བཞག་ནས་བཟུང་སྟེ་ཅི་འདོད་བྱས།།
བོད་འབངས་ཚང་མས་བླ་དཔོན་བཀའ་ལ་ཉན།
བླ་དཔོན་ཚང་མས་ཁྱེད་ཀྱི་བཀའ་ལ་སྒུག།།
མཚམས་རེ་བླ་དཔོན་བར་ཏུ་དཀྲིགས་ཤིང་ཕོངས།།
བླ་དཔོན་རང་ཚུགས་ཅན་ཚོ་དེ་ལྟར་སོད།།
ཁ་ཆེ་མི་ལ་མཐུན་སྒྲིལ་ཆེ་ན་ཡང།།
ཁྱེད་རང་ཁ་ཆེ་ཡིན་པས་སྐྲག་མི་དགོས།།
ཁ་ཆེའི་གྲོས་གཞི་ལྷ་ཁང་ནང་ན་ཡོད།།
ཨ་དཔོན་བྱོས་དང་ཁ་ཆེའི་ཁྱེད་རང་སྲུང།།
དབུས་ག ཙང་ཡུལ་ལ་ཁ་ཡ་བྱེད་མི་དགོས།།
སྐུ་དྲག་མང་བས་ནང་འཁྲུགས་རྒྱུན་མི་ཆད།།
ཙོང་ཁའི་རིགས་འདི་ཁོ་ཚོའི་བླ་རུ་འགྱུར།།
ཙོང་ཁ་མ་ཆོར་མདོ་ཁམས་ཁྱེད་ལ་དབང།།
མཱ་སེམས་བདེ་བར་སོང་ནས་ཅང་ལ་སྨྲས་པ།།
རྒྱ་གར་ཡུལ་ནས་ཐོན་པའི་སློབ་དཔོན་གྱིས།།
བོད་འདི་སྲིན་པོ་ལས་ཀྱང་ཐབས་སྡུག་ཞེས།།
བོད་ལ་དྲིན་ཅན་བྱོས་ཀྱང་དྲིན་མི་གོ
མཐའ་མ་རྒྱ་ཡི་འོག་ཏུ་ཚུད་པར་གསུང།།
ད་ནི་མི་སྡོད་བོད་ཀྱི་ཡུལ་ལ་འགྲོ།།
ཅང་གི་བཀའ་གསུང་གསེར་འདི་ཁྱེར་ནས་འགྲོ།།
བླ་མ་དཔོན་པོ་བརྫི་བོ་བྱེད་དུ་འགྲོ།།
བོད་ཀྱི་མཛེས་མ་ཆུང་མ་ལེན་དུ་འགྲོ།། ཞེས་ཧ་ཆ་དང་བཅས་ མཚོ་སྔོན་དུ་ཕེབས་སོ།།
སྐད་འཕྲིན་འདི་བོད་ཁྱིམ་ཞིག་ཡིན་དུས།།
ཁ་ངན་ཚོ་གྲུབ་མཐའ་ཞིག་ཡིན་བསམ།།
ནང་དཀྲུགས་འདི་གཟི་བརྗིད་ཞིག་ཡིན་དུས།།
སྐྱག་ཕྲུག་ཚོས་ནང་གསོད་ལ་བརྩོ ན་ངེས །།
རང་ཅག་ལ་དུངས་བ་འདི་ཟབ་མོད།།
རང་མྱི་ཡིས་རང་མྱི་ལ་འཛིངས་དུས།།
རང་སེམས་འདི་གློ་བུར་ཏུ་ཕམ་འགྲོ།།
རང་ཅག་འདི་ནམ་ཞིག་ལ་བདེ་ཨང།།